༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག

བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་རྣམས་སྙིང་རྗེའི་བདག་ཉིད་དུ་གྱུར་པའི་སེམས་དཔའ་ཆེན་པོ་བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ཡིད་ཆེས་བྱེད།   སེམས་དཔའ་ཆེན་པོ་ཞེས་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་འགྲོ་བའི་དོན་དུ་ཡང་ནས་ཡང་དུ་འཇིག་རྟེན་ཁམས་སུ་སྲིད་པ་བཟུང་བའི་དམ་བཅས་པའི་སྐྱེས་བུ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད།

༧གོང་ས་༧སྐྱབས་མགོན་ཆེན་པོས་དུས་རྟག་ཏུ་ཁོང་ནི་ནང་པའི་དགེ་སློང་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་ཡོད།   ཁོང་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་བྱང་ཤར་ཨ་མདོ་སྟག་འཚེར་ཁུལ་དུ་སོ་ནམ་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཤིང་།   དགུང་གྲངས་གཉིས་ལ་ཕེབས་སྐབས་ཕྲུ་གུའི་མཚན་ལ་ལྷ་མོ་དོན་གྲུབ་གསོལ་ཞིང་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད།

ཁོང་གི་ཐུགས་བསྐྱེད་དམ་བཅའ་རྣམས་ནིཿ

དང་པོ། ༧གོང་ས་མཆོག་གིས་དུས་རྟག་ཏུ་འགྲོ་བ་མི་ཡོངས་ལ་བདེ་སྐྱིད་དང་ཞི་བདེ་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་།   ནང་སེམས་ཀྱི་བདེ་སྐྱིད་དང་ཞི་བདེ་མེད་ན་ཕྱིའི་མཐུན་རྐྱེན་ཁོ་ནའི་བདེ་སྐྱིད་བསྐྲུན་ཐུབ་ཀྱི་མེད།   ཅི་སྟེ་ནང་སེམས་ལ་ཞི་བདེ་ཡོད་ན་ཕྱིའི་གཟུགས་པོར་ན་ཟུག་ཡོད་ནའང་ཞི་བདེ་བག་ཕེབས་ངང་གནས་ཐུབ་ཀྱི་ཡོད་པའི་ལམ་སྟོན་སྐུལ་མ་ཡང་ནས་ཡང་དུ་གནང་བཞིན་ཡོད།   ཁོང་གིས་འགྲོ་བ་མིའི་རིན་ཐང་དང་སེམས་པ་བཟང་པོ་ཡོང་བ་ལ་བྱམས་བརྩེ་དང་།   བཟོད་པ།   ཆོག་ཤེས།   རང་ཚུགས་གཏན་པོ་སོགས་ལ་ཉམས་ལེན་དང་གོང་སྤེལ་དགོས་པའི་སློབ་སྟོན་གནང་གི་ཡོད།   ང་ཚོ་ཚང་མ་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན།   ཁོང་གིས་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པ་གཅིག་མཚུངས་རེད།   ཆོས་ཁས་མི་ལེན་མཁན་གང་ཟག་གཅིག་ཡིན་ནའང་འགྲོ་བ་མིའི་རིན་ཐང་དེར་བསམ་བློ་དང་འདུ་ཤེས་དེ་འདྲ་འཛིན་པ་ཡིན་ན།   ཁོང་ཚོར་ཡང་ཁེ་ཕན་ཡོང་ངེས་ཡིན།   ༧གོང་ས་མཆོག་ནས་འགྲོ་བ་མིའི་རིན་ཐང་དེ་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ཡིན་པར་ལུང་འདྲེན་གནང་གི་ཡོད།   ཁོང་མི་སུ་འདྲ་ཞིག་དང་ཐུག་འཕྲད་བྱུང་སྐབས་རིན་ཐང་དེ་དག་གོང་སྤེལ་གཏོང་རྒྱུའི་དགོངས་གཞི་གཙོ་བོ་ཞིག་ཡིན།

གཉིས་པ།   ༧གོང་ས་མཆོག་ནི་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་དུས་རྟག་ཏུ་འཛམ་བུ་གླིང་ནང་གི་ཆོས་ལུགས་ནང་ཕན་ཚུན་གུས་བརྩི་དང་འཆམ་མཐུན་ཡོང་རྒྱུར་ཐུགས་འཁུར་ཆེ་བཞེས་གནང་དང་གནང་མུས་ཡིན།   རྩ་བའི་ལྟ་གྲུབ་ཀྱི་ཆ་ནས་ཆོས་ལུགས་ཕན་ཚུན་མི་འདྲ་བ་ཡོད་ཀྱང་།   མི་བཟང་པོ་ཞིག་ཡོང་བའི་ནུས་པ་དེ་རིས་སུ་མ་ཆད་པའི་ཆོས་ལུགས་ཚང་མར་ཡོད།   དེར་བརྟེན་ཆོས་ལུགས་ནང་ཕན་ཚུན་གུས་བརྩི་དང་འཆམ་མཐུན་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།   བདེན་པ་གཅིག་དང་ཆོས་ལུགས་གཅིག་གི་ལྟ་ཚུལ་དེ་གང་ཟག་ཉམས་ལེན་པ་གཅིག་ལ་འོས་འཚམ་ཡིན།   འོན་ཀྱང་སྤྱི་ཚོགས་ཁྱབ་ཆེ་ས་ནས་བཤད་ན་མིས་ཡིད་ཆེས་བྱེད་སའི་ཆོས་ལུགས་མང་པོ་ཡོད་པ་དང་བདེན་པའི་རྣམ་གཞག་མང་པོ་ཡོད་པ་དེ་ཡང་དང་ལེན་བྱ་དགོས་པ་ཡིན་ཞེས་ཁོང་གིས་གསུངས།

གསུམ་པ།   ༧གོང་ས་མཆོག་ནི་བོད་པ་ཞིག་ཡིན་པ་དང་། ཁོང་ནི་བོད་མི་རྣམས་ཀྱི་ཡིད་ཆེས་དང་རེ་བ་བྱ་ཡུལ་ཉག་གཅིག་ཡིན། དེར་བརྟེན་ཁོང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་ཕ་མེས་ནས་དར་བའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པའི་ལྟ་གྲུབ་རྣམས་མི་ཉམས་རྒྱུད་འཛིན་གནང་རྒྱུའི་དགོངས་བཞེས་གནང་གི་ཡོད།

“The Relevance of Ancient Indian Knowledge” – A talk by His Holiness the Dalai Lama at the Indian Institute of Technology Bombay in Mumbai, India on December 14, 2018. Video by OHHDL

དེ་ཙམ་མ་ཟད།  ༧གོང་ས་མཆོག་ནས་རྒྱ་གར་གྱི་གཞོན་སྐྱེས་རྣམས་ལ་གནའ་བོའི་རྒྱ་གར་གྱི་ཤེས་ཡོན་རྣམས་ངོ་སྤྲོད་དང་བསྐྱར་གསོ་གནང་རྒྱུའི་དགོངས་བཞེས་གནང་གི་ཡོད་ཅིང་། དེ་ཡང་རྒྱ་གར་གྱི་སེམས་ཁམས་རིག་པ་དང་། བློ་སྦྱོང་གི་ཐབས་ལམ། སྒོམ་རྒྱག་སྟངས། དེ་བཞིན་ཚད་མ་རིག་པའི་རྣམ་གཞག་རྣམས་ཆོས་ལུགས་རིས་མེད་ཀྱི་འགྲོ་སྟངས་ལྟར་གནང་ཐུབ་ཚེ་ཕན་ཐོགས་ངེས་ཅན་ཡོང་རྒྱུར་དགོངས་བཞེས་གནང་གི་ཡོད།

དགེ་རྩེའི་ངོ་སྤྲོད།
༧གོང་ས་མཆོག
དགེ་རྩ།
འགན་འཛིན་ལྷན་ཚོགས།